དཔེ་དེབ་ངོ་སྤྲོད།

Image

གཞིས་ཆགས་བུས།

ཁ་སང་ཕྱི་ཚེས་ ༡༥ རེས་གཟའ་སྤེན་པའི་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤ པའི་ཐོག་དྷ་ས་མེག་ལོར་གྱི་ཇི་མི་ཟ་ཁང་ནང་དུ་བོད་ཀྱི་དེང་རབས་ན་གཞོན་རྩོམ་པ་པོ་བུ་ཆུང་ལགས་ཀྱི་དབྱིན་ཡིག་ཐོག་བྲིས་པའི་དཔེ་དེབ་༼གཡག་གི་རྭ་ཅོ་༽ཟེར་བ་དེ་དབུ་འབྱེད་གནང་སོང། དཔེ་དེབ་ཀྱི་དབུ་འབྱེད་དེའི་ཐོག་སྐུ་མགྲོན་གྱི་གཙོ་བོ་ལོ་རྒྱུས་མཁས་དབང་དང་ཨ་མྱེས་རྨ་ཆེན་གྱི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་དང། དེ་བཞིན་བོད་རིགས་དང་ཕྱི་རྒྱལ་བའི་གྲོགས་པོ་མང་པོ་ཞིག་ཕེབས་ནས་དཔེ་དེབ་དབུ་འབྱེད་དང་སྙན་ངག་གྱེར་འདོན་སོགས་ཀྱི་ལས་རིམ་ལེགས་པར་བསྒྲུབས་སོང།

དཔེ་དེབ་༼གཡག་གི་རྭ་ཅོ་༽ ཅེས་པ་དེ་ནི་གཙོ་བོ་དེང་རབས་བོད་ཀྱི་རྩོམ་རིག་དང་གཞས་། གློག་བརྙན་དང་ཆབ་སྲིད་སོགས་ཀྱི་ཐད་ཟིན་ཐོ་བཀོད་པ་ཞིག་ཡིན་འདུག ཁོང་གི་དཔེ་དེབ་ངོ་སྤྲོད་ཀྱི་ལེ་ཚན་ནང་དུ “དཔེ་དེབ་འདི་ནི་རང་ཉིད་ཀྱི་དམིགས་ཡུལ་བཅངས་པ་བཞིན་། དེང་རབས་བོད་ཀྱི་གནད་དོན་འདྲ་མིན་གྱི་ཐོག་ཏུ་བཀོད་པའི་ཟིན་ཐོ་ཕྱོགས་བསྡུས་ཤིག་ཡིན།” ཅེས་བཀོད་འདུག དེ་བཞིན་དཔེ་དེབ་དེའི་ནང་དུ་གཙོ་བོ་ཕྱི་ལོ་ ༡༩༥༠ ཚུན་ཆད་དུ་བྱུང་བའི་དེང་རབས་བོད་ཀྱི་རྩོམ་པ་པོ་ ༼བོད་ཡིག་དང་དབྱིན་ཡིག་གང་རུང་ཐོག་བྲིས་མཁན་༽རྣམས་ཀྱི་ངོ་སྤྲོད་དང་ལྷག་པར་བཙན་བྱོལ་འབྱོར་ནས་བོད་རིགས་རྩམ་པ་པོ་རྣམས་ཀྱི་དབྱིན་ཡིག་ཐོག་རྩོམ་བྲིས་བྱེད་པ་རྣམས་ཀྱི་ངོ་སྤྲོད་དང་དེ་བཞིན་དབྱིན་ཡིག་ཐོག་བྲིས་དགོས་པ་རྒྱུ་མཚན་ཅི་ཞིག་ཏུ་འགྱུར་ཡོད་ཚུལ་སོགས་ཀྱང་ངོ་སྤྲོད་གནང་འདུག དེ་བཞིན་དཔེ་དེབ་དེའི་ངོ་སྤྲོད་ཀྱི་ལེ་ཚན་ནང་དུ་“ངའི་རེ་བ་ལ་དཔེ་དེབ་འདིས་བོད་ནང་གི་བོད་ཡིག་ཐོག་རྩོམ་བྲིས་བྱེད་མཁན་གྱི་རྩོམ་པ་པོ་རྣམས་དང་བཙན་བྱོལ་དུ་སྐྱེས་ཅིང་ནུབ་ཕྱོགས་སུ་ཡོད་པའི་བོད་མི་གང་ཞིག་དེང་རབས་བོད་ཀྱི་རྩོམ་རིག་རྣམས་བོད་ཡིག་གི་ཐོག་འབྲི་ཀློག་ཐུབ་པའི་བོད་ཡིག་གི་ཤེས་ཚད་མེད་པ་རྣམས་ཀྱི་དབར་ཟམ་པ་ལྟ་བུ་ཞིག་ཏུ་བྱེད་ཐུབ་རྒྱུ་དེ་ཡིན།’’ ཅེས་ཀྱང་བཀོད་འདུག

དཔེ་དེབ་དེའི་ནང་དུ་ཁོང་གི་རྩོམ་ཡིག་ཁྱོན་བསྡོམས་ཉི་ཤུ་རྩ་བཞི་འདུག་ཅིང་། དཔེ་དེབ་དེར་ཤོག་གྲངས་ཉི་བརྒྱ་ལྔ་བཅུ་མ་ཟིན་ཙམ་ཞིག་འདུག ཁོང་གིས་དེང་རབས་རྩོམ་རིག་སྐོར་ལ་ “བཙན་བྱོལ་ནི་ཁེར་རྐྱང་གི་སྨྱུ་གུ་ཞིག” “གཡག་གི་རྭ་ཅོ། སྐར་མ་སེར་པོ།” “དམར་གཙོད་ཅན་གྱི་གནམ་འོག་ན་”སོགས་ཁྱོནརྩོམ་ཡིག་བཅུ་དང། དེང་རབས་བོད་ཀྱི་གློག་བརྙན་གྱི་སྐོར་ལ་ “ཁྱེད་ཀྱི་མིང་ཅི་ཡིན།’’ “སྒྲིག་ཆས་ཀྱི་རྒྱབ་ལོགས་” སོགས་ཁྱོན་རྩོམ་ཡིག་ལྔ་དང། དེ་བཞིན་དེང་རབས་བོད་ཀྱི་ཆབ་སྲིད་ཀྱི་སྐོར་ལ་ “འགྱུར་བ།” “ང་ཕོད། བོད་པ་ཡིན་ལ་རྒྱལ་ཞེན་མེད།” སོགས་ཁྱོན་རྩོམ་ཡིག་དྲུག་དང། དེ་བཞིན་དེང་རབས་བོད་ཀྱི་གླུ་གཞས་སྐོར་ལ་ “ཀྱེ་མ། གཞས་དེ།” སོགས་ཁྱོན་རྩོམ་ཡིག་གསུམ་བཅས་ཁྱོན་རྩོམ་ཡིག་ཁག་ཉི་ཤུ་རྩ་བཞི་འདུག

ཁ་བརྡ་དྲ་བའི་ནང་དུ་བཏོན་། HTTP://WWW.KHABDHA.ORG/?P=31389

By shichakyibhu

Leave a comment